Tuesday, May 20, 2025

འབྲི་རྩོམ།

                                  བརྡ་དོན་འཕྲུལ་རིག་དང་ བཅོས་རིག་གི་སློབ་སྟོན་སློབ་སྦྱོང་གི་ནང་ལུ་

སློབ་སྟོན་པའི་འགན་འཁུར་དང་མ་འོངས་གནས་སྟངས།

 སྔན་བྱོན་རྒྱལ་བ་གོངམ་དང་  ཕམ་བཟང་པོ་ཚུ་གི་  མཛད་ཤུལ་བཟང་པོའི་བཀའ་དྲིན་ལས་བརྟེན་ འཛམ་གླིང་འདི་ཉིན་ལྟར་བཞིན་དུ་  གོང་འཕེལ་འགྱོ་ཡོདཔ་ཨིན།  དུས་རབས་ ༢༡ པའི་གནས་སྟངས་དང་བསྟུན་ རིག་རྕལ་དང་ཉམས་མྱོང་གསརཔ་ཚུ་ལྷག་དགོིཔ་འདི་ གལ་ཅན་ཅིག་ཨིན། ལྷག་པར་དུ་ གནག་དུང་ནང་མེ་གཏིག་པ་ཅིན་ གསལ་ཏོག་ཏོ་མཐོང་ཚུགས་པའི་ནུས་པ་ ཡོད་དོ་བཟུམ་སྦེ་ འཕྲུལ་རིག་དང་འབྲེལ་བའི་ཤེས་ཡེན་གིས་ཡང་ ཡོན་ཏན་རིག་རྕལ་དང་ ཉམས་མྱོངས་གསརཔ་ཚུ་བྱིན་ཏེ་ མི་མཁས་པ་ཅན་བཟོཝ་ ཨིནམ་མ་ཚད་ བརྡ་དོན་འཕྲུལ་རིག་དང་ བཅོས་རིག་གི་ཐོག་ལས་  མི་སེར་གྱི་ དགོས་མཁོ་དང་ སྟབས་བདེ་དུག་ཚུ་ གཙོ་བོ་བཏོན་ཏེ་ བརྡ་དོན་འཕྲུལ་རིག་དང་ཡོངས་འབྲེལ་ ལ་སོགས་པའི་ འཕྲུལ་རིག་གི་མཐུན་རྐྱེན་ ཕན་ནུས་ཅན་ཚུ་གི་སྒོ་ལས་ མི་སེར་ལུ་ཞབས་ཏོག་ བྱིནམ་ཨིནམ་ལས་ ད་ཚུའི་ཤེས་ཡོན་སྤེལ་ནི་ལུ་ འགན་ཁུར་གཙོ་བོ་འདི་ སློབ་དཔོན་ལུ་ ཕོགཔ་ཨིན། དེ་ཡང་མ་འོངས་པའི་འགོ་འཁྲིདཔ་ ན་གཞོན་ཚུ་རིག་རྕལ་ཅན་དང་ མ་འོངས་པའི་གནས་སྟངས་ ལེགས་ཤོམ་བཟོ་མི་ལག་ཆས་ ཁག་ཆེ་ཤོས་ཨིནམ་ལས་ འཕྲུལ་རིག་དང་བཅོས་རིག་ ལྷབ་སྦྱང་འབད་ནིའི་དོན་ལུ་ཡང་ སློབ་དཔོན་གྱི་ ལམ་སྟོན་པའི་འགན་ཁུར་འབག་ནི་དང་ སློབ་སྟོན་སྤྲོ་བ་ཆེ་ཏོག་ཏོ་བཟོ་ནི་དང་ དངོས་སུ་ལག་ལེན་འཐབ་ཚུགས་ནི་ལུ་འགན་འཁུར་འབགཔ་ཨིན།

 བརྡ་དོན་འཕྲུལ་རིག་དང་ བཅོས་རིག་ལྷབ་སྦྱང་འབད་ནིའི་དོན་ལུ་ སློབ་དཔོན་གྱི་འགན་ཁུར་སྦོམ་ར་ཡོདཔ་ཨིན། དེ་ཡང་སློབ་དཔོན་ཚུ་གིས་ དེ་ཚུ་ལག་ལེན་འཐབ་ཐངས་དང་ ཁེ་ཕན་ཚུ་ ཁ་གསེལ་སྦེ་ འགྲེལ་བཤད་རྐྱབ་སྟེ་ ཨ་ལོ་ཚུ་སྤྲོ་བ་ བསྐྱེད་བཅུག་དགོ། བཅོས་རིག་འདི་ མགུ་ཐོsམ་སི་སི་དང་ མགུ་རྙོག་དྲགས་སྦེ་འོང་ནི་ཨིནམ་ལས་ སློབ་ཕྲུག་ཚུ་གིས་ ག་དེ་སྦེ་ལཱ་འབདཝ་ཨིན་ན་དང་ ག་དེ་སྦེ་ལག་ལེན་འཐབ་ནི་ཨིན་ན་ ཧ་གོ་ནི་ལུ་ སློབ་དཔོན་གིས་ གྲོགས་རམ་འབད་དགོཔ་ཨིན། སློབ་དཔོན་ཚུ་གི་ སློབ་ཕྲུག་ཚུ་ལུ་ གོམ་པ་རེ་རེ་བཞིན་དུ་སྦེ་ལྷབ་ནི་དང་ ལཱ་ཁག་ཅན་གྱི་བསམ་འཆར་ཚུ་ ཚིག་འཇམ་ཏོང་ཏོ་སྦེ་ འགྲེལ་བཤད་རྐྱབ་ནི་ དེ་ལས་བཅོས་རིག་ལག་ཆས་ཚུ་ ཉེན་སྲུང་དང་ལྡནམ་སྦེ་ ལག་ལེན་འཐབ་ནི་ལུ་ ཕན་ཐོགས་དོ་ཡོདཔ་ཨིན། དཔེར་ན་ སློབ་ཕྲུག་ཚུ་གིས་ ཆིཊ་བོཊ་དང་ ཡང་ན་ པར་རིས་ངོས་འཛིན་བཟུམ་གྱི་ ལག་ཆས་ཚུ་ལག་ལེན་འཐབ་པའི་སྐབས་ སླབ་དཔོན་ཚུ་གིས་ ལག་ཆས་དེ་ཚུ་ ལེགས་ཤོམ་སྦེ་ ལག་ལེན་ག་དེ་སྦེ་འཐབ་ནི་ཨིན་ན་དང་ འཛལ་བ་ག་ཅི་ར་འགྱོ་རུང་ གྲོགས་རམ་འབད་ཐངས་ཚུ་ སྟོུན་ཚུགས། Tuomi (༢༠༡༨) གིས་སླབ་མི་ནང་ སློབ་དཔོན་ཚུ་གིས་ སློབ་ཕྲུག་ཚུ་ལུ་ རྒྱབ་སྐྱོར་དང་ ལྷབ་སྦྱང་ཚུ་ ཤུགས་ཅན་དང་ སྤྲོ་བ་ཆེ་ཏོག་ཏོ་སྦེ་བཟོ་སྟེ་ བཅོས་རིག་གི་སྐོར་ལས་ ལྷབ་ནི་ལུ་ འགན་ཁུར་སྦོམ་སྦེ་ར་ འབག་ཚུགས་ཟེར་ཨིན་མས། དེ་མ་ཚེད་ སློབ་དཔོན་གྱི་ལམ་སྟོན་མེད་པ་ཅིན་ སློབ་ཕྲུག་ཚུ་གིས་ བཅོས་རིག་འདི་ འཛེལ་བ་སྦེ་ལག་ལེན་འཐབ་ནི་ ཉེན་ཁ་ཡོདཔ་ཨིན། འདི་སྦེ་ནི་འདི་གི་ སླབ་དཔོན་ཚུ་གིས་ རྒྱབ་སྐྱོར་གྱིས་ སློབ་ཕྲུག་ཚུ་ལུ་ ལཱ་ཁག་ཅན་གྱི་བསམ་འཆར་ཚུ་ ཧ་གོ་ནི་དང་ བཅོས་རིག་ལག་ཆས་ཚུ་ ཐབས་ལམ་འོས་འབབ་ཅན་སྦེ་ ལག་ལེན་འཐབ་ནི་ལུ་ འཇམ་ཏོང་ཏོ་བཟོཝ་ཨིན།

 རྒྱལ་ཁབ་གོང་འཕེལ་གཏང་ནིའི་ ནུས་པ་ཡོད་མི་ བརྡ་དོན་འཕྲུལ་རིག་དང་བཅོས་རིག་ ལྷབ་སྦྱང་འབད་ནིའི་དོན་ལུ་ སློབ་དཔོན་གྱིས་ སྦྱོང་ཚན་འདི་ སྤྲོ་བ་ཆེ་ཏོག་ཏོ་ བཟོ་ནའི་འགན་ཁུར་ཕོགཔ་ཨིན། དེ་ཡང་བདུན་ཕྲག་གཅིག་ནང་ ཐུན་ཚན་གཉིས་དེ་ཅིག་བཙུགས་ཏེ་ ཆོས་ཚན་གཞན་ རྫོང་ཁ་ རྕིས་ དང་ ཨིན་སྐད་ ལ་སོགས་པ་ཚུ་སྟོན་ནི་ལུ ཚ་གྱང་འབག་དོ་བཟུམ་སྦེ་ ཐབས་ལམ་སྣ་ཚོགས་སྟོན་འདི་ སྤྲོ་བ་ཡོདཔ་དང་ ཕན་ཐོག་ཅན་ཅིག་ བཟོ་ནིའི་འགན་ཁུར་ཕོགཔ་ཨིན། སློབ་ཕྲུག་ཚུ་ སྤྲོ་བ་བསྐྱེད་བཅུག་ནིའི་ཐབས་ལུ་ སྡེ་ཚན་ནང་སྦྱོའ་ལཱ་ཚུ་འབད་བཅུག་སྟེ་ ཁོང་རའི་བསམ་འཆར་དང་ ཉམས་མྱོང་ཚུ་བརྗེ་སོར་འབད་བཅུག་དགོ། དེ་ཚུ་ལས་བརྟེན་ཁོང་ལུ་ འཕྲུལ་རིག་གསར་སྤྲུན་བཟོ་ནིའི་ སེམས་ཤུགས་དང་ བློ་སྤོབས་བྱིན་ཚུགས།  Simari(༢༠༢༤), "བརྡ་དོན་འཕྲུལ་རིག་དང་ བཅོས་རིག་ ལྷབ་སྦྱང་འབད་ནིའི་དོན་ལུ་ སྤྲོ་བ་ཆེ་ཏོག་ཏོ་སྦེ་ འགོ་འདྲེན་འཐབ་ཚུགས་པ་ཅིན་ ལྷབ་སྦྱང་གི་གྲུབ་འབྲས་ གྲལ་གཏོགས་དང་ དྲི་བ་་དྲི་ལན་ཚུ་ ལེགས་ཤོམ་སྦེ་འབདཝ་མ་ཚད་ དེ་ཚུ་དང་རིགས་འབྲེལ་བའི་ གནད་དོན་གསརཔ་ཚུ་ ཧ་གོ་ཚུགས་པའི་ཁེ་ཕན་འདུག།"  དེ་ལས་ ཡུན་རིམ་མ་བརྗེད་པར་བཞག་སྟེ་ མ་འོངས་པ་ནང་ཡང་ ལག་ལེན་འཐབ་ནི་ལུ་ཕན་པ་ ཡོདཔ་ཨིནམ་མ་ཚད་ ལཱ་གཡོག་ཚུ་ འཐོབ་ནི་ལུ་ འཇམ་ནི་ཨིན་པས། དེ་བཟུམ་སྦེ་ར་ སློབ་དཔོན་གྱིས་ བརྡ་དོན་འཕྲུལ་རིག་དང་བཅོས་རིག་ ལྷབ་སྦྱང་སྤྲོ་བ་ཆེ་ཏོག་ཏོ་བཟོ་ཚུགས་པ་ཅིན་ སློབ་ཕྲུག་ཚུ་གིས་ དེ་ཚུའི་ཕན་པ་དང་ གནོད་པ་ཚུ་དབྱེ་བ་བཅད་དེ་ འཕྲུལ་རིག་གསརཔ་གསར་སྤྲུན་འབད་ནི་དང་ ཉམས་མྱོང་འཐོབ་ནི་གོ་སྐབས་སྤྲོདཔ་ཨིན།

 དེང་སང་གི་དུས་ནང་ལུ་ བརྡ་དོན་འཕྲུལ་རུག་དང་ བཅོས་རིག་ ལྷབ་སྦྱང་འབད་ནིའི་དོན་ལུ་ སློབ་དཔོན་གྱི་ འགན་ཁུར་ཧྲིལ་བུམ་ འབག་དགོཔ་ཨིན། དེ་ཡང་གཙོ་བོ་ར་ སློབ་ཕྲུག་ཚུ་ལུ་ ལག་ལེན་དངོས་སུ་སྦེ་ འབད་བཅུག་དགོཔ་ཨིན། འཕྲུལ་རིག་ཚུ་ ངོ་མ་སྦེ་ ལག་ལེན་འཐབ་ཚུགས་པ་ཅིན་ དེ་ཚུའི་འབྱུང་ཁུངས་ ཅ་ཆས་ ལག་ལེན་འཐབ་ཐངས་ཚུ་ ཁ་གསལ་སྦེ་ ཤེས་ཚུགསཔ་མ་ཚད་ ཕན་པ་དང་གནོད་པ་ཚུ་ཡང་ཤེསཔ་ལས་ དབྱེ་བ་དཔྱད་དེ་ ལག་ལེན་འཐབ་ཚུགས། འཇིག་རྟེན་པའི་དཔྱེ་གཏམ་ལས་ཡང་ ཁག་པའི་ལཱ་ཅིག་མ་འབད་ན།། མངར་བའི་ཟས་ཅིག་མི་འཐོབ།། ཟེར་སློབ་སྲོལ་ཡོད་དོ་བཟུམ་སྦེ་ ལཱ་ཁག་ཡོད་པའི་ལཱ་ཅིག་མ་འབད་བ་ཅིན་ གྲུབ་འབྲས་ ལེགས་ཤོམ་མི་འོང་ནི་ཨིན་པས། དེ་འབདཝ་ལས་ འཕྲུལ་རིག་ཚུ་གི་སྐོར་ལས་ བཤད་པ་རྐྱངམ་ཅིག་མེན་པར་ ལཱ་ཁག་ཡོད་རུང་ མཁོ་ཆས་ཚུ་གྲ་སྒྲིས་འབད་དེ་ དངོས་སུ་སྦེ་ལག་ལེན་ འཐབ་ཚུགས་པ་ཅིན་ ཤེས་ཡོན་དང་ ཉམས་མྱོང་འཐོབ་པ་ལས་བརྟེན་ སློབ་སྟོན་འདི་ གྲུབ་འབྲས་ཅན་ཅིག་ བཟོ་ཚུགསཔ་ཨིན།    

 ད་མཇུག་ར་ སློབ་དཔོན་གིས་ སློབ་ཕྲུག་ཚུ་ལུ་ བརྡ་དོན་འཕྲུག་རིག་དང་ བཅོས་རིག་གི་སྐོར་ལས་ ཤེས་ཚུགས་ནི་ལུ་ ཁག་ཆེ་བའི་ འགན་ཁུར་སྦོམ་འབད་ར་ འབགཔ་ཨིན། དང་པ་སློབ་ཕྲུག་ཚུ་ལུ་ ལེགས་ཤོམ་སྦེ་ ལམ་སྟོན་འབད་དགོཔ་མ་ཚད་ སློབ་ཚན་ཚུ་ སྤོ་ནང་ཅན་བཟོ་ནི་ དེ་ལས་སློབ་ཕྲུག་ཚུ་ལུ་ རང་སོའི་ཐོག་ལས་ སྦྱོང་བརྡར་དང་ འཚོལ་ཞིབ་འབད་ནི་གི་ གོ་སྐབས་ཡང་ བྱིན་དགོཔ་ཨིན། འདི་བཟུམ་འབད་མི་འདི་གིས་ སློབ་ཕྲུག་ཚུ་གིས་ བཅོས་རིག་དང་ མི་ཚེ་ངོ་མ་ནང་ལུ་ ག་དེ་སྦེ་ ལག་ལེན་འཐབ་ནི་ཨིན་ན་ ལེགས་ཤོམ་སྦེ་ ཧ་གོ་ཚུགས་ནི་དང་ སློབ་སྟོན་ལེགས་ཤོམ་འདི་གིས་ སློབ་ཕྲུག་ཚུ་གིས་ བཅོས་རིག་ལག་ལེན་འཐབ་སྟེ་ མ་འོངས་པ་ལུ་ མཐར་འཁྱོལ་འབྱུང་ནི་གི་དོན་ལུ་ གྲ་སྒྲིག་འབདཝ་ཨིན།

 

 

 

 

 

 

 

 

 

 

 

 

No comments:

Post a Comment